Friday, August 7, 2009

སུ་འདི་འདྲ་ཡིན་སྲིད།


གང་ཐོལ་གྱིས་འདིར་འཕངས་པའི་ལས་སྐལ་ལས་མི་ལོ་གསུམ་བཅུ་ཡོལ་ཟིན་པའང་མཚན་མོ་ཞིག་གི་རྨི་ལམ་ཐུན་ཞིག་ཏུ་སྣང་། ངུ་ཇི་ཙམ་བྲོ་ཡང་ཁོང་དུ་སྦས་དགོས་པ་ལས་སུའི་མདུན་དུ་ངུ་ན་འཚམ། ཧ་ལམ་རྙེད་དཀའ། རེད་དེ་ནས་གློ་བུར་གྱི་འགྱུར་ཟློག་ཞིག་སྟེ་དེ་ཡང་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཉིད་རང་། ང་རང་དབང་མེད་པ་ད་གཟོད་ཤེས། དེ་ཡང་ལྷན་ཆགས་ལས་ཕོངས་དང་ཕོང་བཞིན་པ་དེ་ཉིད། རང་དང་འདྲ་བ་ཡོད་ལོས་ཤས་ཆེ་མོད། དེས་སྨུག་སྨུག་ཏུ་གྱུར་བའི་སྙིང་གསོན་དེར་དབུགས་འབྱིན་གྱི་ཚོར་བ་ཅི་ཡང་སྟེར་མི་ནུས་ལ། རེད་ངས་གློ་བུར་གྱི་འགྱུར་ཟློག་འདྲ་བ་དེ་ལམ་སྣེ་གདེང་ཁེལ་ཞུག་ཏུ་འཁྲུལ་བའི་ཝུ་ཆང་གིས་གང་འཚམ་བར་མྱོས་མཐར། ཡང་གོམ་འགྲོས་འཁྱར་ཞིང་འཁྱོར། མདུན་ལམ་ཡང་འཕྲལ་རང་། ཕུགས་དོན་ཞེས་པ་ངག་སྣེ་ཙམ་ལ་འཁྱུད་ཤེས། དེ་ནི་སྟོང་སངས་ངེར་གནས་པའི་ངའི་འཇིག་རྟེན་གྱི་དཔེ་རིས་ཆ་ཤས་ཤིག་ཏུ་བརྩི་ཆོག དེ་ཡང་ད་ལྟ་གློ་བུར་དུ་དེ་ལྟར་མཛུབ་རྩེས་གཟུ་ལུམ་དུ་གནོན་ཤོར། རེད་ད་ངས་གཅིག་ཤེས་པ་ནི་ང་ཡུལ་གྱར་བ་ཞིག་ཡིན་པ་དེ་རེད། དེས་ང་ལ་སྟོབས་ཤུགས་ཤིག་གཏན་གཏན་སྟེར་ངེས། དེ་ང་འཚོ་དགོས་པའི་སྙིང་དོན་ཡང།།

No comments:

Post a Comment