Showing posts with label #WriteTibetan. Show all posts
Showing posts with label #WriteTibetan. Show all posts

Thursday, October 1, 2026

The Fate of Freedom Fighters Now: Rangzenwa



ད་ཆ་རང་བཙན་པའི་ལས་དབང་།


བོད་ཀྱི་ཁ་དཔེར། བཟང་པོའི་ཞོར་ལ་ཇ་ཆང་། །ངན་པའི་ཞོར་ལ་རྒྱུག་རྡུང་། །ཞེས་པ་བཞིན་དངོས་གནས་ངེས་པ་དོན་གྱི་རང་བཙན་འཐབ་རྩོད་པ་དག་གི་ད་ལྟའི་གནས་སྟངས་འདི་ལྟ་བུ་རེད། ངན་པ་རང་བཙན་ཁ་འཁྱེར་བ་ནི་གྲོག་བུ་བཞིན་འཕེལ་ཡོང་གི་ཡོད་པ་དང་དེ་དག་གི་སྤྲེལ་ལད་ཀྱིས་ཨུ་ཚུགས་ཅན་གྱི་རང་བཙན་པ་དག་བསླུས་དང་བསླུ་བཞིན་པ་ནི་མཐོང་གསལ་ཡིན། བསླུས་པའི་འབྲས་རྟགས་ལ་ཁོ་པ་ཚོའི་རང་བཙན་རྩོད་ས་ནི་རང་ཅག་རྣམས་ལ་ཚེ་འདིའི་ཕ་མ་ལས་ཀྱང་ཆེས་བཀྲིན་ཆེ་བ་༸རྒྱལ་བ་དོན་གྱི་བདག་པོ་དང་། ༸གང་གིས་རང་ཅག་རྣམས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་དུ་ཐུགས་བརྩེ་བ་ཆེན་པོས་སྐྱེད་སྲིང་གནང་བའི་བོད་མིའི་སྒྲིག་འཛུགས་ཡིན་པ་ལས་བསྟན་དགྲ་རྒྱ་དམར་དང་དེའི་སྒེར་གཅོད་རིང་ལུགས་མིན། 


ནང་ལ་སྟག་སེང་འདྲ་འདྲ། །ཕྱི་ལ་ཞི་མི་འདྲ་འདྲ། །དེ་ཡང་རང་ཅག་པའི་ལས་དབང་དང་འབྲེལ་བའི་སྤྱོད་ཚུལ་ཐ་ཞན་ཞིག་རེད། ཁ་ནང་བལྟས་དྲན་ཤེས་ཀྱི་བྱ་ར་ནི་རང་ཅག་གི་ཁྱད་དུ་འཕགས་པའི་གཅེས་ནོར་ཏེ། ཡོངས་གྲགས་ལ་དཔལ་ནཱ་ལེནྡྲ་ལས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་གཞུང་ཆེན་དག་ནང་གསལ་བ་ནི། ཕྱི་འཛམ་གླིང་ལ་གཅེས་སྤྲས་དང་གྲགས་ཆེའང་རང་ཅག་ནི་དབུལ། ད་མཐོང་ཐུབ་དེ་ཁ་ནང་དུ་འཁོར་ནས་ཁྱད་གསོད་བརྙས་སྨོད་འཁང་ར་གཞི་མེད་བསྙོན་འཛུགས་ལས་རིག་པ་རང་ངོ་ཤེས་པའི་ཉམས་ལེན་གྱིས་ནི་ཅིག་ཏུ་ཕོངས། ཁ་ཕྱི་ལ་བལྟས་ནས་དཔུང་པ་མཉམ་གཤིབས་ཀྱིས་བསམ་བཤད་བྱེད་ཕོད་པའི་ཚབ་ལ་ནི། ཅིག་ཏུ་གདེང་ཚོད་དམའ་ཞིང་རང་སྨོད་དང་འབྲེལ་བའི་འདྲེན་གཡོག་གི་གཤིས་ཀ་མངོན་པར་ཀྱེ་མ་ཐེ་ཚོམ་མེད། དེ་ཡང་རང་ཅག་གི་ཁ་དཔེར། ཁོང་ཁྲོ་གཡག་ལ་ཟ་ནས་རྡོག་རྒྱག་ལུག་ལ་གཞུས། ཞེས་པ་དང་ཅི་མི་མཚུངས།


མདོར་ན། ད་ཆ་ཁ་ནས་རང་བཙན་ཞེས་པའི་ཚིག་སྐམ་དེ་ལབ་ཐུབ་པ་ཙམ་གྱི་འཐབ་རྩོད་པ་ཞེས་པའི་ཚིག་སྦོམ་པོ་དེ་རང་གིར་བྱེད། དངོས་གནས་རང་བཙན་འཐབ་རྩོད་པ་ཞིག་ཡིན་ན་ཁྱེད་ཀྱི་བྱ་སྤྱོད་དང་བློས་གཏོང་ལས་འཐོན་དགོས་པ་ལས། ཚིག་སྐམ་ཙམ་ལས་མིན་ཏེ། རང་ཅག་གི་ཁ་དཔེར། ཡ་རབས་མ་རབས་སྤྱོད་པས་ཤེས། །ཞེས་པ་བཞིན་ནོ།།

Sunday, August 30, 2026

#བོད་ཡིག་བྲིས། #WriteTibetan

Write Tibetan, and real Tibetan to keep it breathing further, even a day further, for it's nearing its death sentence even at its lair back in Tibet. 

༅། །ཕྲན་གྱིས་སྐབས་ག་གེ་མོ་ཞིག་ཏུ་གོ་ཐོས་ལ། རང་ཅག་བོད་པ་རྣམས་ཀྱི་༸སྐྱབས་དང་མགོན་༸སྤྱི་ནོར་གོང་ས་༸ཡིད་བཞིན་ནོར་བུ་མཆོག་གིས་གསུངས་དོན། ཕྱི་རོལ་པ་སྟེ་དད་ཆོས་རྗེས་འབྲངས་པས་འདོད་ཚུལ་ལྟར་གྱི་ཀུན་བཏགས་ཀྱི་བདག་དང་། རང་རེའི་གྲུབ་མཐའ་སྨྲ་བ་དག་གིས་འདོད་པའི་མཚན་གཞིའི་བདག་ཅིག་འཇོག་ན། དེས་ན་གྲུབ་མཐས་བློ་བསྒྱུར་མ་བསྒྱུར། བརྡ་ཤེས་མི་ཤེས་གང་གིས་ཡང་ལིང་ལིང་བར་འཛིན་པའི་ལྷན་སྐྱེས་ཀྱི་བདག་དེ་ཇི་བརྟན་དུ་བཏང་བ་དང་འདྲ་ཞེས་པ་ལས་འཕྲོས། འཇིག་རྟེན་ཏེ་ཐུན་མོང་དང་ཐུན་མིན་གྱི་ལས་ལས་གྲུབ་པའི་སྣོད་དང་བཅུད་ཀྱི་རྟེན་འབྱུང་སྒྱུ་མ་ལྟ་བུ་དེ་ནི་དོན་གྱི་རྫུན་ཏེ། ངེས་རྟོན་གང་ཡང་མེད་པར་རྨོངས་པས་ད་དུང་དེའི་ཁར་ཚུལ་འཆོས་ཀྱི་རྫུན་འབག་ཅིག་གྱོན་ཐུབ་པ་ནི་ཕྱི་མས་སྔ་མ་ཇི་བརྟན་དུ་བཏང་བ་མིན་ནམ།

མཐའ་རྒུད་སྙིང་པོ་བྲལ་ན་ཡང་།།
དང་ཐོག་ཨ་གསར་དུས་དེར་གཡེངས།།
སྐྱེན་པའི་རྣམ་རྟོག་རླུང་གིས་བསྐུལ།།
རྟ་བཞིན་ཤ་ཐང་འཇལ་བར་བྲེལ།།

ཀྱེ་མ་ངོ་མ་ཨ་གསར་ཙམ།།
བར་བར་ནང་བལྟ་འདྲ་ནུས་ན།།
མཆོར་སྒེག་མདུན་གྱི་ལྟད་མོ་དེ།།
དེ་ཙམ་ཡོད་པ་ཡོལ་དེའི་དྲིན།།

བོད་ཡིག བོད་ཀྱི་རིག་གནས་རྒྱལ་ལོ།།