Tuesday, May 24, 2022

ཆ་མི་འཚལ་བ་ནི་ཚུར་མཐོང་བ་ཞིག་གི་འཚོ་བའི་ཆོས་ཉིད།



མཆོར་སྒེག་གི་འཛུམ་མདངས་ཤིག་ལས།

གདོང་རིས། མིག་ཟུར་གྱི་རི་མོ། འཚོ་བའི་ཉམས་མྱོང་།

མདོར་ན། བཞུད་ཟིན་པའི་ལམ་བུ་དོག་ཡངས་ཅི་རིགས་ཀྱིས་བྱས་པ།

དངོས་གནས་རྟེན་འབྱུང་གི་གཏམ་རྒྱུད་གསོན་ཉམས་དོད་པོ་ཞིག་གྱེར་ཡོང་།

ཆ་ཅི་འདྲ་ཞིག་མི་འཚལ་ཡང་ད་དུང་འདི་ལྟའི་ཉམས་འགྱུར་ཞིག

གང་འདྲ་བྱས་ནས་ཐུབ་བམ་བུ་མོ་ལགས།

ང་ལ་གསུང་རོགས་གནང་།


རེད། གཏམ་རྒྱུད་ཀྱི་ལྟེབ་མ་སྟེ། འདི་ལྟའི་གཞན་དང་གཞན་གྱི་བརྒྱུད་རིམ་སྨུག་པོར།

ད་དུང་ཁྱེད་ཀྱིས་གསན་ཞིང་སྐྱོར་ཐུབ་པ།

རང་ཉིད་དེ་དག་གི་མདུན་ན་ཧ་ལམ་ད་ལྟ་རང་རྙོག་འཛིང་གི་འཇིག་རྟེན་འདིར།

སྐྱེ་བ་བླངས་མ་ཐག་པ་ལྟ་བུའི་མཛེས་པའི་ཚུལ་འཆོས་ཀྱི་རྟུལ་ཞུགས་འཛིན་ཐུབ་པ།

རང་དོན་ཡིད་བྱེད་ལས་གཏི་ཐུག་གི་སྐབས་འདིར།

དངོས་གནས་ཡ་མཚན་ལས་ཡ་མཚན་ཆེ་བས།

རང་གི་མཚན་ཉིད་ཀྱིས་གྲུབ་པ་དཔྱད་ཤེས་ན་དཀའ་ནའང་།

ཁྱེད་ཀྱི་གཏོང་ཕོད་ལས་མཆེད་པའི་མཛེས་སྡུག་ནི།

ཡོད། ཡོད་འདྲ་བ།

 

ང་སྟེ། ལྟ་བ་དེར་མོས་གུས་ཅན་ཡང་ལན་འགའ་འཁྲུལ་སྣང་ལ་འཕྱན་དུ་བཅུག

འཁྲེན་སེམས་ལ་ཕྱིར་མིག་ལན་གཅིག་འཕེན་དུ་བཅུག་པས།

ད་ཆ་དེས་དྲངས་པའི་སྣང་བ་ཟང་ཟིང་སྟེ།

མཐའ་རྒུད་པ་ཤེས་ནའང་རང་དབང་མ་ཐོབ་པས་ཆེས་སྐྱོ།

དངོས་གནས་ཆེས་སྐྱོ་བོ།།

 

ཡང་། ཆོས་ཤེས་ནའང་ཚེ་འདི་གཙོ་བ་ཞིག་གི་ངོས་ནས་བལྟས་ན།

དངོས་གནས་ཁྱེད་ལྟ་བུ་ཐོབ་པ་ནི་གསེར་ཏེ།

སྙིགས་པའི་དུས་འདིར། རང་དོན་ཡིད་བྱེད་གཙོ་བའི་དུས་འདིར།

བཅུ་དྲུག་ལང་ཚོ་ཡོལ་ཡང་ད་དུང་ཕྲ་བའི་ལུས་ཀྱིས་རྒྱན་པ།

བཞིན་པགས་དམ་པས་རིས་མེད་མིན་ནའང་།

ཐིག་རིས་རེས་མཚར་ཞིང་སྒྲོལ་བའི་གཏམ་རྒྱུད་ཀྱི་རྣ་ཆ་འོད་སྟོང་འབར་བ་རེ།

 

ད་ཕོ་ལོ་བཞི་བཅུ་བརྒལ་བའི་དུས་འདིར་ཁྱེད་ཕྲད་པ་ནི།

དགའ་ཡང་སྐྱོ་འོས་པ་སྟེ།

ཕྲན་གྱིས་བརྒྱུད་རིམ་རྟེན་འབྱུང་ད་ཤེས་པས།

གྲོགས་དང་། མ་ཤེས་ན་འཕུང་པས།

ཁྱེད་ཀྱི་ད་དུང་འགྲིམ་རྒྱུ་ལྷག་པའི་ལམ་བུ་སྟེང་གི་གེགས་ཤིག་ལས་གཞན་ཅི།

སྐྱོ་བ་ནི། མཐའ་རྒུད་པའི་གཏམ་རྒྱུད་ཀྱི་ཚུགས་ཀ་དེ་རང་ཡིན་མོད།

འོན་ཀྱང་། ངས་དྲན་ལམ་ནས་སུབ་མི་ཐུབ་པ་ནི།

མཚན་འཛིན་དེ་ལས་མཆེད་པ།

ཁྱེད་ཀྱི་མཆོར་སྒེག་གི་འཛུམ་མདངས་དེ་རང་ངོ་།།