Saturday, November 7, 2015

འུ་ཐུག་གམ་སེམས་དཔའ་ཆེ།


སྐུ་ལུས་མེ་མཆོད་ལ་འབུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་༼འུ་ཐུག་༽ ནས་འདི་ལྟར་གནང་པ་རེད་ཅེས་པའི་གསུང་འགྲོས་འདིར་གཏན་གཏན་གཟབ་དགོས་པ་མིན་ནམ། ཡང་ན་ཇི་ལྟར་འུ་ཐུག་ག་ཆད་ཚུལ་གསལ་པོ་གསུང་དགོས་རེད་སྙམ། མི་སྒེར་ཞིག་འུ་ཐུག་ཐབས་ཟད་པ་ནི་གཙོ་བོ་སྒེར་དོན་དང་འབྲེལ་བར་གོ་ཆེ་ཞིང་དེ་ཡང་གནས་སྟངས་སྐྱོ་པོ་ཞིག་འདྲེན་ཡོང་། བོད་བསྟན་སྲིད་མི་རིག་གི་དོན་དུ་རང་གི་ཆེས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་འདོར་བའི་ཞི་རྒོལ་ནི་ཚད་མཐོན་པོ་ཞིག་ཡིན་པ་ལས་ག་ཆད་འུ་ཐུག་པ་ཨ་ཡིན་ནམ། བོད་བསྟན་སྲིད་མི་རིག་ཆག་འཇིག་གི་གནས་སྟངས་གཉན་འཕྲང་དེ་ལས་སྐྱོབ་པའི་དོན་སྨིན་ལྡན་པའི་ཐབས་གཞན་བྲལ་ནས་ཡིན་པར་ཟེར་ན། འགྲེལ་བརྗོད་གསལ་པོ་གནང་དགོས་རེད་སྙམ། གཟུ་ལུམ་དུ་འུ་ཐུག་ནས་རེད་ཅེས་བརྗོད་ན་འོས་འཚམ་ཕར་ཞོག་སྣང་མེད་ཚོར་མེད་དུ་མི་སྣང་ངམ། སྤྱིར་མིང་ཚིག་འདིས་གོ་དོན་གང་འདྲེན་དང་། བདག་པས་གཞན་གཅེས་པའི་གནང་ཚུལ་ཞིག་འུ་ཐུག་ནས་གནང་སྲིད་དམ། ངས་འུ་ཐུག་ནས་ཁོའི་ཁར་ཉན་པ་ཡིན་ཞེས་ལབ་ན་གང་འདྲེན་ནམ། འདི་གཞན་གཅེས་པའི་བྱ་སྤྱོད་ཅིག་ཡིན་ནམ། ངས་མིན་པར་གོ  ཡང་༸རྒྱལ་བའི་ནང་ཆོས་ལྟར་ན། རྒྱལ་སྲས་བྱང་ཆུབ་སེམས་དཔས་མི་འཇིགས་པའི་སྦྱིན་པར་འཇུག་སྐབས་འུ་ཐུག་པའི་གནས་སྟངས་ཤིག་ཨ་ཡོད། རེད། སོ་སྐྱེ་ཕལ་བ་ཞིག་གིས་ཀྱང་རང་གི་ཡོད་ཚད་སྤྱི་དོན་དུ་བཏང་ན་འདི་འུ་ཐུག་ནས་ཡིན་ནམ། དེ་སྔ་རྒོལ་ཚུལ་འདི་འཚེ་མེད་ཡིན་མིན་དང་ད་ལྟ་འུ་ཐུག་པ་རེད་ཅེས་བརྗོད་ན། གཏན་གཏན་རྗོད་བྱེད་དམ་རྗོད་ཚུལ་གྱིས་ཕོངས་པ་ལྟ་བུ་ཞིག་མཐོང་གི་འདུག མདོར་ན། གཞན་གཅེས་དང་འབྲེལ་ན་འུ་ཐུག་དང་བྲལ་དགོས་སྙམ་མོ།།