Sunday, September 10, 2017

འཚོགས་འདུས་ཀྱི་མགྲོན་པོ།

དངོས་གནས་དང་ཐོག་ངོ་ཤེས་པ་ངའི་དྲིན་ཆེན་གྱི་ཕ་མ་དམ་པ་རྣམ་གཉིས་དང་། སྤུན་མཆེད་རྣམ་པ། དེ་ནས་རིམ་པས་ངོ་ཤེས་ཐོལ་བྱུང་དག རང་གི་དགེ་རྒན་རྣམ་པ། གྲོགས་པོར་འོས་པ་རྣམས་ད་ཆ་གནས་སྟངས་ཇི་འདྲ། རང་དང་ལྟན་དུ་མེད་དེ་སོ་སོའི་འཚོ་བའི་ཆེད། དེ་ལས་སེམས་སྐྱོ་བ་ནི་སྐྱ་སར་བབས་པ་དེ་རེད། རང་ཡང་ད་དུང་གང་ཡིན་ཆ་མི་འཚལ་བའི་གནས་སྟངས་འདི་ལྟ་བུ། ལོ་ནི་བཞི་བཅུ་བརྒལ་ཡང་སེམས་ལ་འགྱུར་བ་དེ་ཙམ་ཐེབས་མེད་པ། ད་སྐྱབས་ཡུལ་གསུམ་པ་དེར་ཕྲད་པའི་རང་རིགས་སྤུན་ཟླ་རྣམས་ནི་ཧ་ལམ་ཚོར་རྒོད་ཚོར་སྐྱེན་གྱི་ཁོར་ཡུག་ནང་འཐིམ་བཞིན་གདའ། སེམས་པ་སྐྱོ་ཡང་དེ་ནི་གོ་ལའི་འགྲོས་སྟབས་རེད། རང་གི་དོན་ཐོག་མ་དང་དེའི་ཆེད་ཐབས་སྒྱུ་སྣ་ཚོགས་བཤམས་པ་ཡང་ཚེ་འདི་ཁོ་ནའི་ཆེད། སྦོམ་པའི་གཞན་འབྲེལ་ཚིག་སྐམ་དག་དྲ་གནས་ཐོག་དགའ་རྟགས་དང་ལེགས་གསོལ་གྱི་ཚིག་འགའི་ཆེད། དེ་ལྟར་རང་མགོ་རང་གིས་སྐོར་བ་ཡང་དོན་ཆེན་ཞིག་ལྟ་བུ། མི་དངོས་པོ་ཐུག་སྐབས་རྒོད་ཅིང་སྐྱེན་པས་ཅི་ལབ་འདི་ལབ་ཅི་བསམ་འདི་བསམ་རང་དབང་མེད་པ་ལྟ་བུ་ནི་གདོང་གི་རྣམ་འགྱུར་ལས་ཤེས་ཐུབ། ད་འདི་འདྲ་དེ་དེང་དུས་རེད། སྐྲ་སེར་གྱི་ཡུལ་ལུང་ག་གེ་མོ་ཞིག་ཏུ་འཚོ་བའི་འཚོ་སྟངས་རེད། མེད་པ་ལ་ཡོད་མདོག ཡོད་ཀྱང་གཏི་ཐུག་ཅན། མེ་ཚེ་སྒོར་མོའི་བྲན། རེད། འདི་འདྲའི་གནས་སྟངས་ནང་ཐ་ན་རང་གི་བཟའ་ཟླ་དགའ་རོགས་ཞེས་པ་ཡང་དོན་དངོས་སྒོར་མོར་ཐུག་ཡོད་པ། འདིར་བརྩེ་གདུང་སྐོར་འུར་སྒྲོགས་ཆེ་ཡང་འདོད་པ་དེ་དང་པོ་རེད། རེད་སེམས་ཅན་རེད། བྱིས་པ་ཞེས་ནང་རིག་ནང་གསུང་། ཁག་མེད།

དངོས་གནས་ངོ་ཤེས་དག་ལས་རང་ལ་དྲིན་ཆེ་ཞིང་ཕན་པ་དག་ནི་ད་ཆ་མེད། ད་མིག་ལམ་དུ་མཐོང་བ་དག་ནི་དངོས་གནས་འཚོགས་འདུས་ཀྱི་མགྲོན་པོ་རང་རེད། རང་གི་བདེ་སྐྱིད་གཞན་རྟེན་ཡིན་པ་ཤེས་ཀྱང་རང་དོན་གཙོ་ཆེ། ངས་མི་ཤེས། འདི་གང་འདྲ་རེད་ཅེས་འདྲི་བ་ལ་ངོ་སྐྱེངས་སམ་ཁེངས་པས་ལབ་མ་ཕོད་པ། དངོས་གནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ནི་བསམ་འགྲོས་ཀྱི་སྣེ་འདྲེན་པ་རེད་ཅེས་ལབ་ཆོག ངར་མཚོན་ན་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཅེས་པ་ཐལ་འཛིན་གྱི་ལོག་རྟོག་ཅིག་ལ་གོ་བར་བྱེད་དེ། ཅི་སྡུག་པར་མཐོང་སྐབས་རྣམ་པ་ཐམས་ཅད་ནས་ལེགས་པ་ལྟ་བུ་དང་། ཅི་མི་སྡུག་པ་ནི་ཆ་ཐམས་ཅད་ནས་ཞེན་ལོག་གི་གཞི་ལྟ་བུ། སྟབས་ལེགས་པ་ཞིག་ལ་དེ་དུ་རེ་བ་རེད་མིན་འདུག དེས་སྒྲོ་བཏགས་པས་མཐོང་ཚུལ་འཆར་ཚུལ་རང་ལ་ཆ་བཞག་པས་རྣམ་རྟོག་གི་ཕོན་པོ་ཇི་ཆེར། དེའི་གཏོས་དང་མཉམ་པའི་བསམ་རྒྱ་ཞིག་ཡོད་ན་འགྲིག་པ་ལས་མེད། མ་གཞི་འདོད་པ་རང་གཅེས་འདི་རང་ལས་འདི་ལྟའི་རྣམ་རྟོག་དེ་བྱུང་དང་འབྱུང་པ་གསལ། དེ་ཡང་ནང་དོན་རིག་པར་རྒྱུ་སྒྲོ་འདོགས་ཀྱི་ཨ་མ་མ་རིག་པ་ལས་འབྱུང་བ་གསུང་། དེ་ནི་དངོས་གནས་མིག་སྒྱུ་དང་། སྒྱུ་མའི་རྟ་གླང་། ཆུའི་ནང་གི་ཟླ་བའི་གཟུགས་བརྙན། སྒྲ་དོན་གྱི་སྤྱི། རྨི་ལམ་སོགས་གང་འཇིག་རྟེན་ན་ཡང་རྫུན་པའི་དཔེ་སྟེ། ཕར་སྤྲོས་ཙམ་ལས་ཕ་རོལ་ནས་དོན་གྱིས་མེད་པ་དེས་མཚོན་གང་ཕར་བཏགས་ཙམ་ཐ་སྙད་ཙམ་གྱི་བཏགས་ཆོས་ང་ནས་བཟུང་ཁྱེད། ཟླ་བ། ཉི་མ། ཁང་པ། རི་རབ། གླིང་འཕྲེང་། གོ་ལ། སྒོར་མོ། དགའ་རོགས། སྒྲོལ་མ། སངས་རྒྱས། གོ་དོན་སོགས་དེ་ལྟར་ཕར་བཏགས་ཙམ་ཡིན་མོད། ཕ་རོལ་གདགས་གཞིའི་སྟེང་ནས་རང་གི་ངང་གིས་ཡོད་པ་འདྲ་བ། སྔར་ནས་ཡོད་ཡོད་འདྲ་བ།  རང་ཆས་སུ་ཡོད་ཡོད་འདྲ་བ། རང་དབང་ཐེར་ཟུག་ཏུ་ཡོད་ཡོད་འདྲ་བ་འཛིན་པའི་ལོག་རྟོག་གི་ཨ་མ་དེ་ནི་གཏན་གཏན་ཉེས་པ་ཀུན་གྱི་འབྱུང་གཞི་ཡིན་པ་ཧ་ལམ་རེད་འདུག གང་ལགས་ཞེ་ན། དང་ཐོག་དེ་ལྟར་འཛིན་མིན་གཞིགས་ན་འཛིན་པ་ཁོ་ཐག་རེད། གསལ་ཤོས་དེ་ང་ཞེས་ལབ་སྐབས་དང་། དཔེར་ན། ང་ནོར་བཟང་ཞེས་ལབ་སྐབས་ཚོར་ཐུབ། རང་དབང་བ་ཐེར་ཟུག་དབང་སྒྱུར་བ་བོ་ལྟ་བུ་ངའི་གདགས་ཞིའི་ཆ་ཀུན་ལ་ཁྱབ་ཡོད་པ་འདྲ་བ་ཞིག་ཤར་ཡོང་བ་ལས་བཏགས་ཙམ་ཡིན་པ་ག་ལ་ག དེ་ལྟར་འཛིན་པས་སྒྲོ་འདོགས་ལྷག་མ་སྟེ། རྟག་བདེ་གཙང་འཛིན་དག་འདྲེན་པ་ཡང་གོ་ཐུབ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྟེ་ཐལ་འཛིན་གྱི་ལོག་རྟོག་དེ་ནི་སྒྲོ་འདོགས་དེ་དག་ལྷན་ཡོད་ཡོད་རེད།

དེ་ནི་རང་གིས་རང་ལ་སྐུལ་མ་དྲན་སློང་བརྒྱུད་དོ་སྣང་སྤྲོད་ཐུབ་ན་ཚོར་ཐུབ་སྟེ། དཔེར་ན། གང་ཞིག་ལས་སྡང་བའི་ཚེའམ་དགའ་བའི་ཚེ་དྲན་པ་བརྟེན་ནས་ཚར་གཅིག་གཉིས་གསུམ་བཅས་གོམས་འདྲིས་བརྒྱུད་ལྟོས་དང་། གང་འདྲ་ཐལ་དྲགས་པ་ཞིག་འཛིན་གྱི་འདུག་མིན། དེ་ལས་སྒྲོ་འདོགས་གཞན་དག་བདེན་མིན་ལྟོས་དང་། དེ་བས་སྒྲོ་འདོགས་ཀྱི་ཨ་མ་དེར། དེའི་ཕྱིར་དང་ཐོག་གང་ཕར་བཏགས་ཙམ་ཐ་སྙད་ཙམ་ཡིན་པ་བསྙོན་མེད་དེར་གོ་བ་ལེགས་པོ་ཞིག་ཆགས་དགོས་སྙམ། དེ་ལས་འཇིག་རྟེན་རྫུན་པའི་དཔེ་སྒྱུ་མའི་རྟ་གླང་དང་གོ་མཚུངས་ལེགས་པོ་ཤེས་དགོས་པ། དེ་ལས་དངོས་གནས་ཕ་རོལ་ནས་དེ་ལྟར་རང་གི་ངང་གིས་ཚུགས་ཚུབ་ཐེར་ཟུག་རང་དབང་གིས་ཡོད་ཡོད་འདྲ་བ་འཛིན་པ་དེ་གཞི་མེད་པ་ཞིག་གོ་ཡོང་། དེ་ལ་ཡང་ཡང་བསམས་པས་ཐལ་འཛིན་གྱི་ལོག་རྟོག་དེ་གཏན་གཏན་འབུར་འཇོམས་བྱེད་ཐུབ། དེ་ལས་སྒྲོ་འདོགས་ཀྱི་ཨ་མ་དེ་ཉེས་པ་ཀུན་གྱི་འབྱུང་གཞི་དེ་བཅོམ་པ་ནི་ཉེས་པ་བརྒྱ་སེལ་བའི་ཐབས་གཅིག་རང་ཡིན་པ་གོ་ཐུབ། དེའི་ཆེད་སེམས་ཀྱི་གནས་ཆ་དགོས་པ་ཇི་ཙམ་གལ་ཆེ་མིན་ཤེས་ཐུབ་སྙམ་མོ།།

དངོས་གནས་འཚོགས་འདུས་ཀྱི་མགྲོན་པོ་རང་རེད། ད་མཐའ་མཇུག་དེར་དང་པོ་སྐྱེས་དུས་གཅིག་པུ་ཡིན་པ་བཞིན་གཅིག་པུ་རང་འགྲོ་དགོས་ངེས་རེད། འོན་ཀྱང་འཚོགས་འདུས་ཀྱི་མགྲོན་པོ་དག་ལས་རང་ཆགས་པ་གསལ། སེམས་ཅན་གྱི་དྲིན་ཏེ། རང་གི་མར་གྱུར་བ་ནས་དགེ་བའི་བཤེས་གཉེན་དུ་གྱུར་བ་ཞིབ་ཏུ་བསམས་པ་ལས་ཤེས་ཐུབ་སྙམ། འོན་ཀྱང་འཚོགས་འདུས་ཀྱི་མགྲོན་པོ་ཕལ་ཆེ་བ་ནི་གནས་སྐབས་སམ་རང་དབང་མ་ཐོབ་ཀྱི་བར་རང་གཞན་གཉིས་ཀའི་ཆེད་མ་འགྲོགས་ན་བཟང་། འཚོགས་འདུས་ཀྱི་མགྲོན་པོ་ལགས། ཐུགས་རྗེ་ཆེ། ད་ཤེས་པ་ནི་སྡུག་བསྔལ་རང་བཞིན་ཅན་གྱི་ཕུང་པོ་དེ་བླངས་པའི་སྡུག་གི་གཏམ་རྒྱུད་ཁྲོད་ངོ་ལེན་བྱེད་དགོས་པ་མང་དག་ཅིག་ཡོད་པ་ངས་ད་གཟོད་ཅུང་གོ་སྙམ་མོ།། ད་གཅིག་པུ་ཡིན་ཀྱང་སེམས་ཐག་གཅིག་ཆོད་ཟིན་ཡོད། ཐུགས་རྗེ་ཆེའོ།།
* * *
མ་གོ་ན་འཇིགས་སྐྲག་སྟེར་ལོས་ཆེ་སྟེ། ཆེས་བདེན་ཞེན་ཆེས་བ་སོ། །འོན་ཀྱང་རང་གིས་རང་ལ་དྲིས་མྱོང་ངམ་སྐྱེས་པ་ནས་ད་བར་གྱི་སྤྱད་མྱངས་ཚོར་ཟིན་པའི་བདེ་སྡུག་དག་ཇི་འདྲ་རེད། ད་ལྟ་མྱོང་བཞིན་པ་ཅི་ཡང་སྐད་ཅིག་སྐད་ཅིག་གིས་རྨི་ལམ་ལྟ་བུའི་ངོར་འདའ་བཞིན་པ་དུད་འགྲོ་མིན་ན་ལོས་ཤེས།

དེ་ནས་རིམ་པས་རྒྱུ་མཚན་དུ་མའི་སྒོ་ནས་གཤམ་གྱི་རྨད་དུ་བྱུང་བའི་ལུང་དག་གི་དོན་ལ་གོ་བ་ཞིག་ཐེབས་ཐུབ་སྙམ། 

༸རྒྱལ་བ་ཤཱཀྱ་སེང་གེས། འགྲོ་བ་དག་ནི་རྨི་འདྲར་བཤད། །དེ་ཉིད་དུ་ནི་རྣམ་མ་བཞག །རྨི་ལམ་གང་ལའང་དངོས་པོ་མེད། །ལོག་པའི་བློ་ཅན་མངོན་པར་ཞེན། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུང་ཀྱང་། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་བཞག །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཆུ་ཡི་འདུ་ཤེས་ཅན་གྱིས་ནི། །མཐོང་ཡང་སྨིག་རྒྱུ་ལ་ཆུ་མེད། །དེ་བཞིན་ཡོངས་སུ་རྟོག་པས་དཀྲུགས། །སྡུག་པ་མིན་པར་སྡུག་པར་རྟོག །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས།

འཇུག་པ་རང་འགྲེལ་ལས། ལངས་ནས་དངོས་པོར་སྣང་བ་ཀུན། །སྒྱུ་མ་ཙམ་དུ་ཤེས་བྱས་ནས། །ཞེས་གསུངས།

དེ་ལྟར་མཚན་འཛིན་གྱི་དམིགས་གཏད་ཡོངས་བཤིག་ཐུབ་པ་ཞིག་བྱུང་ན། གང་ལས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་ལས་ཆགས་སྡང་འཇུག་པའི་གཞི་དག

དབུ་མའི་ལྟ་བར་མོས་ཅིང་གུས་པའི་ཟིན་བྲིས་ཟ་རི་ཟི་རི་འདིས་ཁྱེད་ལ་ཕན་པ་ལས་མི་གནོད་པའི་སྨོན་འདུན་བཅས། དེ་ཡང་རྐྱེན་ངན་གྲོགས་ཤར་གྱི་ལམ་སྣེ་སྐྱ་བོ་ཞིག་གི་བརྒྱུད་རིམ་ཁྲོད་ལས་འབུས་པའི་སྙིང་གཏམ་ལྟ་བུ་ཞིག་ལ་བརྩི་ཆོག་སྙམ། འདུ་འཛི་དང་འདོད་པའི་ཁྲོད་ལས་ནི་ཅི་ཡང་མི་འབུས་པས་སོ།།

No comments:

Post a Comment