དུས་དེ་ནས།
བཞུད་པའི་ལམ་སྣེ་དག
ཇི་ཙམ་གྱ་གྱུ་ཡང་།
འཚོ་བའི་ལོ་ཟླའི་ཚིགས་དང་།
ནམ་དུས། ཐ་ན་རྩི་ཤིང་དག་གི་ཚུགས་ཀ།
རྒྱུན་དང་འཚོ་བའོ་སྟོན་མོ།
ཡོད་ཚད་གུང་འཛོལ།
དུས་ཀྱི་ཚོར་བ་བང་རིམ་འཆོལ།
ཐམས་ཅད་དེར་ཟུག་ཅིང་།
དེར་ཅེ་རེ་བགྲད།
འདིར་གོ་ལ་སྨུག་པོ་ཟེར་ཆོག
ནང་གི་ཞི་འཇགས་འཆོལ།
གཡོ། ཆེས་གཡོ།
ས་ཡོམ་ལས་ཀྱང་འཇིགས་སྐྲག་ཆེ།
འདིར་རྩི་ཤིང་དང་མེ་ཏོག་དག་ལའང་ཁེངས་ཉམས་ཤིག་ལྡན་མོད།
ངས་དེ་དག་ངོ་མི་ཤེས།
དེ་རང་གིས་ང་སྐྱོབ།
བར་གྱི་ལོ་ཟླའི་ཟང་ཟིང་ཇི་ཙམ་ཆེ་ཡང་།
དེར་ཅེ་རེ་བགྲད་ཅིང་།
རྣམ་རྟོག་སེམས་ཀྱི་རི་མོ་གསལ་ལྷང་ངེ།
གྲུ་ག་ག་གེ་མོ་ཞིག་སྟེ།
རྩིག་གྱང་ངོ་སྟོང་ནར་ཞིང་གུ་དོག་ཀྱང་།
ཆིག་ལབ་རྒྱག་ཞོར་གོམ་པ་འགའ་ཕར་དང་ཚུར་སྤོ་ཐུབ་པ་དེ་ངའི་རང་དབང་ཕལ་བ་ཞིག་རེད།
སྐབས་རེས་བྲག་ཆ་ལྟ་བུའི་མགོ་ནང་གི་གདུང་དབྱངས་ཡམ་ཡོམ་ཞིག་གིས།
ང་རགས་པའི་ཚོར་འགྲོས་སུ་བསུ་བར་བྱེད།
ཁ་མདོག་བཀྲག་མདངས་མེད་ཀྱང་ནང་གི་འཇིག་རྟེན་རི་རྒྱལ་ལྷུན་པོ་འདྲ།
སུར་གོ་བརྡ་སྤྲོད་དགོས། དོན་མེད་རེད། སྒོ་ལྔའི་ལུས་ཚོར་སྟེར་མ་ཐུབ་ན།
ད་དུང་ང་སྨྱོས་འདུག་ཟེར་སྲིད།
འདིའི་མུ་ལས་ངས་ཁྱེད་ཀྱི་སེར་ཞལ་གྱི་འཛུམ་རིས་མཇལ་ཐུབ།
འདིའི་མུ་ལས་ངས་ཁྱེད་ཀྱི་སྙིང་སྟོབས་ཀྱི་རྩ་བ་ངོ་ཙམ་འཕྲོད།
རང་གཅེས་གྱ་གྱུའི་སེམས་གཡོ་ཞིང་རྒོད་པ་ལས་ཕ་རོལ།
ཐོབ་པ་འདི་ལྟའི་འདོད་པ་ཙམ་གྱི་ཆེད་ལུས་སེམས་ཀྱི་ངལ་བ་ལས་ཕ་རོལ།
སུ་ལའང་རྗོད་དགོས་དོན་མེད། དུས་མེད་ལགས།
དུས་མེད་ཡོམ་འགྲོས་འདིས་ཁྱོད་ཀྱང་གཞན་དེང་དགོས་ཅིག་དང་།
ང་ཡང་གཞན་དུས་འགྲོས་དང་འགལ་བ་ཞིག་ཏུ་བསྒྱུར།
ད་ང་གཉིས་ཧ་ལམ་བྱ་རོག་དང་འུག་པ་ལྟ་བུ་ཡིན་སྲིད་མོད།
འོན་ཀྱང་། རིག་པར་སློབས་རོགས། དེ་ཡང་རིག་པའི་རྒྱུན་ཅུང་ངོ་ཤེས་ཆེད།
བྱས་འཛོལ་དག་ཕྱིར་དྲན་ཞིག་ཡོད་ན་རིག་ལྡན་མིན་ནམ།
ཕྱི་སྤྱོད་འཕེན་བྱེད་ནང་གི་རི་མོར་ཅེར་ལྟ་རེ་ཐུབ་ན་རིག་ལྡན་མིན་ནམ།
དེ་ཡང་དྲན་པའི་རྒྱུན་ནམ་རིག་པའི་རྒྱུན། དགོས་ན་འདི་དགོས་རེད།
སྐྱེད་སྲིང་ན་འདི་དགོས་རེད། ངས་འདི་ལྟ་བུ་ཞིག་ལ་རིག་ལྡན་ཟེར།
ད་རྫོགས་ཡ་ཡོད་མ་རེད། སོང་ཙང་། ཁྱོད་ཀྱི་མིག་ལམ་བརྒྱུད་ལྟ་ཚེ་ང་སྨྱོས་ཚར་རེད།
No comments:
Post a Comment