Friday, October 2, 2020

My post in Tibetan titled Sorry

དགོངས་དག



ནུབ་འདུ་འཛི་འདོད་ཡོན་གྲུ་ག་ཞེས། །འདོད་ཁ་ཚ་དགོས་གཏུགས་འདོད་པ་ཉིད། །དེ་ཐོབ་རུང་རེ་ནས་འདིར་འཕངས་མཐར། །དངོས་ཚོར་སྐྱེན་ད་མེད་འདོད་བཟི་བ། །སྟོན་ལོ་མཇུག་དགུན་གྲང་སྟ་གོན་དུ། །ལྗང་ལོ་མའི་ལང་ཚོ་ཁ་གྱུར་ལས། །ལྷག་ཧྲེང་ཧྲེང་སྒྲེང་བའི་སྡོང་པོ་བཞིན། །ད་ཐོབ་རུང་གིས་ཕོངས་ཡི་དྭགས་བཞིན། །ད་འཁང་ར་བཅོལ་ས་རང་རིགས་ཁུལ། །ཤོང་གནམ་སར་དཀའ་བའི་མུ་ཅོར་ཐལ། །བདེན་དྲིན་ཆེན་ཨ་མའི་བུ་རྒོད་བཞིན། །བདེན་ར་བཟི་འཁོར་ས་ཆང་ཁང་བཞིན། །ཅུང་ཐོབ་པ་རྣམས་ཀྱང་ཚོར་ཆེས་སྐྱེན། །མིག་མིག་ནང་བཅུག་ནས་འབྲེལ་བ་དཀོན། །


ཆ་མི་འཚལ་ཆེས་ཆེ་གཞན་ཅིག་ནི། །འདོད་ཉིང་ཁུ་དགའ་མའི་གྲོག་ཚང་ལས། །ལག་སོན་པ་རང་ལས་ལམ་འཛོལ་ཞིག །ཆ་གང་བལྟས་ཡོད་པ་ཅ་ཅོ་འོ། །འུར་འདོད་ལྷ་ངོ་སྐྱེངས་འཚབ་ལ་སྦྱར། །ད་ནམ་མཁའི་ལྷ་མོ་ཐོབ་སྙམ་འཁྲུལ། །ཅུང་འཇིག་རྟེན་གྱ་གྱུའི་འགྱུར་བ་ལས། །རང་ཚུགས་ཀ་བོར་ནས་སྨྱོན་པ་བཞིན། །དལ་རྟེན་བཟང་ཡིན་པ་ཡེ་ནས་བརྗེད། །ད་སྐྱིད་པོ་གཏང་ཞེས་འདོད་སྙིགས་སྤྱོད། །ཨ་ལ་ལ་དེ་ལས་སྐྱོ་བ་གང་། །


ཕྲན་ཁེར་རྐྱང་སྡོད་རུང་མཆོག་པ་ཅི། །གང་སྣང་བ་བདེན་འཛིན་གྱིས་བསླུས་པས། །ཚུལ་མིན་པའི་རྣམ་རྟོག་རླུང་ལྡང་སླ། །དེས་དྲངས་པའི་ཆགས་སྡང་ཁོ་ལོ་པས། །གཞན་ཉོན་མོངས་སྤུ་རིས་གྲུ་ཆེན་སྒྱུར། །འཕུང་རང་གཞན་ལས་ཀྱི་འཁོར་ལོ་སྐོར། །འཕྱན་ཟོ་ཆུན་འཕྲུལ་འཁོར་བློ་མེད་ལས། །


ད་འདི་ལྟའི་ཕལ་རྗེན་གཏམ་རྒྱུད་ཆེད། །འཚོ་དགོས་ན་ཡིད་ཆད་ངལ་འབྲས་དབེན། །འདི་ཤེས་པའི་མོད་ལ་ཁྱེད་དང་མཇལ། །མཆོག་ལྟ་ཀུན་སྒྲོན་མེ་ཀླུ་སྒྲུབ་དགོངས། །གདའ་ཡིད་དཔྱོད་ཙམ་མོད་ལ་དུ་མཆོག །ད་ཆགས་ས་མེད་སྙམ་ཙ་ན་མུ། །འདྲེ་བདེན་འཛིན་བར་བར་ལྡང་ཡོང་དུས། །སྐབས་རེས་འགར་དེ་ཚུགས་གཡོ་གར་གོ །ད་དེ་ཙམ་ཆོག་ཤེས་ཅི་ནས་འགྲིག །འོ་ད་ནི་ན་ཚོད་ཀྱིས་ཀྱང་འཕྱ། །བདེན་འོན་ཏང་རིག་པ་ནངས་འཆི་རུང་། །སློབ་དགོས་པའི་གཏན་ཚིག་དྲན་ཙམ་གདའ། །ད་ནུབ་ཕྱོགས་ཡུལ་དུ་ཅི་བྱ་འམ། །ད་གར་གནས་དེ་རུ་སྒྲིམ་གལ་སྙམ། །ད་དེ་ལས་གཞན་པའི་ཐབས་ཅིག་བྲལ། །


No comments:

Post a Comment