Tuesday, May 8, 2018

དྲ་སྣང་། ལྟར་སྣང་།



ཟམ་གདོང་རིན་པོ་ཆེ་མཆོག་ནས་ཝ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བསྩལ་བའི་དབུ་མའི་ལྟ་བའི་སྐོར་གྱི་བཀའ་སློབ་ལས།

དགག་བྱ་ཁྱབ་ཆེ་བ། དགག་བྱ་རང་བཞིན་གྱིས་གྲུབ་པ་བཀག་ཆེ་བས་ཐ་སྙད་དུ་བྱ་བྱེད་ཀྱི་རྣམ་བཞག་འཇོག་ས་མེད་པ་སྟེ། དོན་གྱི་གང་ཡང་མེད་པའི་དོན་དུ་སོང་བ།

དགག་བྱ་ཁྱབ་ཆུང་བ། དགག་བྱ་རང་བཞིན་གྱིས་གྲུབ་པ་གཙོ་བོ་གྲུབ་མཐས་སྒྲོ་བཏགས་པའི་ཀུན་བཏགས་ཙམ་ལ་སོང་ནས་བློ་ལྷན་སྐྱེས་ཏེ། འཇིག་རྟེན་ཡན་གར་བ་དུད་འགྲོ་ཚུན་ཆད་ཀྱི་འཛིན་ཚུལ་རང་ལ་སྣང་བ་དོན་སྟེང་ནས་རང་དབང་གིས་གྲུབ་པ་དགག་བྱར་མ་ཁྱབ་པ།
*
སྣང་བས་མེད་མཐའ་སེལ། སྣང་བ་སྒྱུ་མ་ལྟ་བུ་ཡོད་པས་གཏན་མེད་ཡིན་པ་སེལ།

སྟོང་བས་ཡོད་མཐའ་སེལ། རྟེན་འབྱུང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་རང་བཞིན་གྱིས་གྲུབ་པས་སྟོང་བས་རང་དབང་གིས་གྲུབ་པ་སེལ།

རྟག་མཐར་ལྷུང་ཉེན་ཡོད་པ།

ཆད་མཐར་ལྷུང་ཉེན་ཡོད་པ།

དེ་ལས།

སྣང་བས་ཡོད་མཐའ་སེལ། སྣང་བ་སྒྱུ་མ་ལྟ་བུའམ་རྟེན་འབྱུང་སྒྱུ་མ་ལྟ་བུ་ལས་རང་དབང་གིས་གྲུབ་པ་སེལ།

སྟོང་བས་མེད་མཐའ་སེལ། རང་དབང་གིས་གྲུབ་པས་སྟོང་ཡང་ཡོད་པ་བསྙོན་མེད་པས་ཐ་སྙད་ཙམ་དུའམ་བཏགས་ཙམ་དུ་ཡོད་པས་གཏན་མེད་ཀྱི་མེད་མཐའ་སེལ།
*
རིན་པོ་ཆེ་མཆོག་གིས་གསུངས་དོན། ཐལ་འགྱུར་བས་གདགས་གཞིར་དབང་ཚད་གང་ཡང་མི་སྤྲོད་པར་གཙོ་བོར་འདོགས་བྱེད་ལ་ཡིན་པ་འདྲ་བ་ཞིག་ཐོས། མཚན་འཛིན་གྱི་དམིགས་གཏད་ཡོངས་བཤིག་དགོས་པ་སྨོས་མེད་པས་འདོགས་བྱེད་ཡང་སྒྱུ་མ་ལྟ་བུ་སྟེ་རང་གི་འདོགས་བྱེད་སྒྲ་རྟོག་གིས་བཏགས་ཙམ་དུ་ཡོད་པ་ལས་གཞན་ཅི། དཔེར་ན། འདོགས་བྱེད་རྣམ་རྟོག་གི་རྩ་བ་མ་རིག་པ་དེ་ཡང་རང་གི་འདོགས་བྱེད་སྒྲ་རྟོག་གིས་བཏགས་ཙམ་དང་། དེ་ཡང་མ་རིག་པས་སྤྲོས་པས་ཕར་སྤྲོས་ཚུར་སྤྲོས་སྒྱུ་མ་ལྟ་བུ་ལས་འདོགས་བྱེད་ལ་མཚན་འཛིན་གྱི་ཕྱོགས་འདྲ་བ་ཞིག་སོང་ན་ག་ལ་འགྲིག མདོར་ན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལན་དུ་མར་གསུངས་པ་བདག་གིས་ཐོས་དོན་ལྟར་མཚན་འཛིན་གྱི་དམིགས་གཏད་ཡོངས་བཤིག་པ་ཞིག་དགོས་པ་ལས་བཏགས་ཆོས་སྒྱུ་མ་ལྟ་བུ་ཟེར་ཡང་གདགས་གཞི་ཞེས་ལྷག་ཡོད་པ་འདྲ་བ་དང་། དེ་བཞིན་འདོགས་བྱེད་ཅེས་ལྷག་ཡོད་པ་འདྲར་སོང་ན་མཚན་འཛིན་ལས་གཞན་ཅི་སྙམ་མོ།།

_________________
https://www.youtube.com/watch?v=_9IDiQ-h4no

དེས་ན་ང་རང་གི་ཉམས་མྱོང་།

རྩ་ཤེས་གཙོས་དབུ་མའི་བསྟན་བཅོས་དག་ཏུ་བརྡར་ཤ་བཅད་པའི་རིགས་པའི་ཚོགས་དང་། སྒོས་སུ་རྟེན་འབྱུང་ཕྲ་མོའི་རིགས་པ་རང་གི་འདོགས་བྱེད་ལ་བརྟེན་ནས་གྲུབ་པ་ཞེས་པའི་འདོགས་བྱེད་ཡང་སྒྱུ་མ་ལྟ་བུ་སྟེ། སྤྲོ་བྱེད་རྣམ་རྟོག་གི་རྩ་བ་མ་རིག་པ་དེ་ཡང་དེས་གློ་བུར་ཚུལ་དུ་སྒྲིབ་ཅིང་སྤྲོས་པའི་སྒྱུ་མ་ལྟ་བུའི་སེམས་སམ་ཡིད་བློ་རྟོག་པ་དེས་ཚུར་སྤྲོས་ཙམ་མོ། །རིགས་པ་དེ་དག་ལས་དོན་སྟེང་ནས་སམ་ཕ་ངོས་བདེན་བདེན་དུ་གྲུབ་པ་གང་ཡང་མེད་མོད་ཀྱང་། ཐ་སྙད་དུ་བྱ་བྱེད་འཐད་པ་ཞེས་སམ་སྒྱུ་མ་ལྟ་བུའི་སྤྲོ་བྱེད་དེས་སྤྲོས་པའི་སྒྱུ་མ་ལྟ་བུ་ཞིག་ཡོད་པ་བསྙོན་མེད་དང་། དེ་ལྟར་དུ་ཡོད་པའི་ཡོད་གོ་ཆོད་ཚུལ་གོ་བ་ནི་ཤིན་ཏུ་དཀའ་བའི་གནད་ཅིག་རེད་སྙམ། ད་ཅུང་གོ་བ་འདྲ་བྱུང་བ་ནི་དེ་ལྟར་ཡོད་གོ་ཆོད་ཚུལ་ལ་ངེས་པ་ཞིག་མ་རྙེད་ན་ཐ་སྙད་ལ་ཁྱད་གསོད་བྱེད་ཉེན་ཆེས་ཆེ། ཡོད་གོ་ཆོད་ཚུལ་ཡང་གཙོ་བོ་རྟེན་འབྱུང་གི་གོ་རིམ་ངེས་པ་སྟེ། དཔེར་ན། ལས་བྱས་པ་ཆུད་མི་ཟོད་པ་ལྟ་བུའོ། །དེ་ལྟར་སྒྱུ་མ་ལྟ་བུའི་སྤྲོ་བྱེད་དེས་སྤྲོས་པའི་སྒྱུ་མ་ལྟ་བུའི་ང་དང་། ངའི་སེམས་ཚོར། ངའི་ལུས་བེམ་པོ་དེ། ཕྱིའི་སྣང་སྲིད། གཟུགས་ནས་རྣམ་མཁྱེན་བར། སྐད་ཅིག་སྐད་ཅིག་འཇིག་པའི་རང་བཞིན། རྒྱུ་རྐྱེན་དུ་མས་བྱས་པ། ལྟོས་གྲུབ་རིང་ཐུང་ཕ་བུ་ལྟ་བུ། རང་གི་ཆ་ཤས་ལ་བརྟེན་ནས་གྲུབ་པ་ཤིང་རྟ་ལྟ་བུ། རང་གི་གདགས་གཞི་ལ་བརྟེན་ནས་གྲུབ་པ་བུམ་པ་ལྟ་བུ། རང་གི་འདོགས་བྱེད་ལ་བརྟེན་ནས་གྲུབ་པ་དོན་སྤྱི་ལྟ་བུ། སྐྱེ་གནས་འཇིག་གསུམ། སྐྱེ་རྒ་ན་འཆི། འགྲོ་འོང་། ཁོང་ཁྲོས་རང་གཞན་གཉིས་འཕོང་བ། གོམ་པའི་འདེགས་འཇོག་ལས་སླེབ་པ་སོགས་མཐའ་ཡས་པ་ལྟར་རོ།།

དེ་དག་ང་ཚོར་སྣང་ཚུལ་བཞིན་དོན་སྟེང་ནས་སམ་ཕ་ངོས་ནས་བདེན་བདེན་ཐེར་ཟུག་ཏུ་གྲུབ་པར་འཛིན་པས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གམ་ཐལ་བའི་སྒྲོ་འདོགས་དཔེར་ན་ང་དང་ཁོ། དེ་དང་དེ། བཟང་དང་ངན། འགྲིག་དང་མ་འགྲིག སྡུག་དང་མི་སྡུག་སོགས་འདྲེན་ཡོང་། དེ་ལས་ཆགས་སྡང་། དེ་ལས་ཕྲག་དོག་འགྲན་སེམས་ང་རྒྱལ་ཐེ་ཚོམ་ཞེ་སྣང་རྣམ་རྟོག་དོགས་པ་རེ་བ་སོགས། དེ་ལས་རང་གཞན་གཉིས་འཕོང་བའི་སྒོ་གསུམ་གྱི་ལས་ལ་འཇུག་པ་ལས། དོན་སྟེང་ནས་སམ་ཕར་ངོས་ནས་དེ་ལྟར་བདེན་བདེན་དུ་གྲུབ་པར་མ་འཛིན་པར་ཅི་ལྟར་བཀྲི་མི་ཤིས་པ་དེ་དག་གི་རིམ་པ་ལ་འཇུག་སྲིད་སྙམ། ད་དེ་ལྟར་གྲུབ་ཡོད་ན་གནས་ལུགས་ཡིན་པས་དེ་ལྟར་འཛིན་པས་གྲོལ་དགོས་པ་ལས་འཕོང་པས་དེ་ལྟར་གྲུབ་ག་ལ་ཡོད། དེས་ན་དེ་ལྟར་འཛིན་པ་ལ་ཡིད་རྟོན་ག་ལ་བྱེད་སྲིད། 

དེས་ན། ཡོད་ནི་ཡོད་པས་ད་སྤྲོ་བྱེད་སྒྱུ་མ་ལྟ་བུ་དེས་སྤྲོས་པའི་སྒྱུ་མ་ལྟ་བུ་ཡིན་ཡང་དེ་ཙམ་གྱི་ངང་རྟེན་འབྲུང་གི་གོ་རིམ་ངེས་པས་ཡོད་གོ་ཆོད་སྙམ་སྟེ། དཔེར་ན། ལྟོ་གོས་གཏམ་ཇོ་བོ་སེམས་ཅན་གྱི་དྲིན་ལ་བརྟེན་པ་བཞིན་ནོ།།

རང་གི་འདོགས་བྱེད་ལ་བརྟེན་ནས་གྲུབ་པའི་དཔེ།

ནད་པ་རྨོ་ལགས་ཤིག་ཡོད་པ་སྨན་ཁབ་དེ་བྱུང་ན་བློ་བདེ་ཞིང་དྲག་སྣང་གིས་ཁེངས་པ་དེའི་ཨུ་ཚུགས་དང་། སྨན་པ་ཐབས་མཁས་ཅན། སྨན་ཁབ་དེ་མུ་མཐུད་ན་གནོད་ཆེ་བས་ནད་པའི་རྣམ་རྟོག་སྒྲོལ་སླད་སྨན་པས་་སྨན་དམ་ཇ་ཐང་མདོག་ཅན་དེའི་ནང་སྟོབས་སྨན་བསྐངས་པ་སྨན་ཁབ་ཀྱིས་བརྔུབས་ནས་བརྒྱབ་པ་ལས་དང་པོ་བློ་བདེ་ཞིང་དྲག་སྣང་བྱུང་བ་ལྟ་བུ། དོན་སྟེང་ནས་གྲུབ་པ་ཅིག་ཡིན་ན། འདོད་པའི་སྨན་ནི་མ་ཡིན་པས་ཇི་ལྟར་དྲག་སྣང་བྱུང་སྲིད། 

དཔེ་ཡག་ཤོས་གཅིག་ནི་ཆེས་གཅེས་ས་རང་དང་གཞན་སུ་རུང་ལ་ཞེ་ཐག་པ་ནས་སྡང་བ་དེ་རེད། 

རྟེན་འབྱུང་གི་ལྟ་བར་མོས་ཤིང་དཔྱོད་པའི་འབེན།

༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས།

དེ་ལྟར་སྟོང་བ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་བསྒོམ་བྱས་ནས། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །
*
ཆོས་རྣམས་སྟོང་བ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟན་པ་གང་། །དེ་ནི་ངོ་མཚར་བས་ངོ་མཚར། །རྨད་བྱུང་བས་ཀྱང་རྨད་དུ་བྱུང་། །

སུ་ཡིན་རུང་སྐྱིད་པ་ཅིག་དགོས་གཤིས། རང་དོན་རང་བྱེད་ཀྱིས་ཀྱང་འབྲེལ་བས་གཞན་ལ་གཅེས་ཤིང་གུས་དགོས། སྤྱོད་འཇུག་ལས། བདག་བདེ་གཞན་གི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་གྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པའི་གནད་ནི་རྟེན་འབྱུང་གི་གོ་བའི་རྣམ་དཔྱོད་ཀྱི་རྒྱབ་རྟེན་ཐོག་གང་ཐ་སྙད་དུ་ཡོད་པའི་ཡོད་གོ་ཆོད་ཕྱིར། སྣང་སྲིད་གཉེན་དུ་འཆར་བ་ཞིག་མ་བྱུང་ན་དངོས་གནས་བདེ་སྐྱིད་མཚན་ཉིད་ཚང་བ་ཞིག་སྐྱོང་དཀའ་ན། བྱམས་པ་བརྩེ་བ་མཛའ་གཅུགས་གཅེས་སེམས་རང་དོན་ཡིད་བྱེད་གུ་དོག་དེས་ད་བར་བསྐྱངས་པ་དེའི་གོ་ས་བརྗེས་ནས་ཉམས་སུ་ལེན་པའམ་དེང་སང་གི་ཐ་སྙད་ལ་དེ་ལྟར་ཞིབ་འཇུག་བྱས་ནས་རྟོག་དཔྱོད་བྱེད་དགོས་པ་རེད་སྙམ། ད་བར་རང་དོན་ཡིད་བྱེད་དེས་རང་ཙམ་གཅེས་པར་འཛིན་པས་ད་གཟོད་རང་གི་ཁ་ཐབས་ག་པར་བསྐྱལ་འདུག དམིགས་བསལ་དེང་སང་དྲ་རྒྱའི་བརྡ་འཕྲིན་དུས་ཚིགས་སམ་འདོད་ཡོན་དང་ཕྱིའི་རྣམ་པ་ཙམ་ལ་ཆེས་གཅེས་སྤྲོས་པས་རྣམ་རྟོག་རུ་འཛིང་ཞིང་ཚོར་སྐྱེན་བཟེ་རེ་ཅན་གྱི་སྐབས་ན། ཡང་ནས་ཡང་དུ་བརྒྱུགས་བརྒྱུགས་པས་གང་ཐོབ་བམ། ཆུ་འཚོལ་ཡི་དགས་ཤིག་བཞིན། རེད། ཐོབ་ཡོད་དང་ཡོད། ད་དུང་གཅིག་མ་ཚང་བ། མ་འདང་བ། མ་འགྲིག་པ། མ་འཐུས་པ། མ་རྙེད་པ། སླེབ་རྒྱུ་མེད་པའི་མ་འོངས་པ་ལང་ལང་པོ་ཞིག་གི་ཆེད། མདོར་ན། རང་གི་ནང་གི་འཇུག་ཚུལ་ལ་བདག་མེད་པས་ཐོབ་པ་ཕྱིའི་རྨི་ལམ་གི་ནོར་གྱིས་ཇི་ལྟར་དེར་ཚོད་འཛིན་ཐུབ། དེས་ན་བདེ་ཞིང་སྐྱིད་པའམ་རང་དབང་གི་སྐབས་ཤིག་ནམ། དེས་ན་རྣམ་དཔྱོད་ལྡན་པ་ཞིག་བཞིན་གཞན་ལ་གཅེས་དགོས། གང་ལགས་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་བསླུ་བ་མེད་པའི་ཕྱིར་རོ།།

རྟེན་འབྱུང་ལ་འཇུག་ཚུལ་ང་རང་གི་ཉམས་མྱོང་ཚིག་འགའ་ནང་།

སློབ་དཔོན་ཟླ་བ་གྲགས་པས་འཇུག་པ་རང་འགྲེལ་ལས།


དེའི་ཕྱིར་དབུ་མའི་གཞུང་ལུགས་ལས། གཞན་པའི་གཞུང་ལ་ཚུལ་ལུགས་རང་གི་བློས་སྦྱར་བ་དེ་དག་བལྟས་ནས་ཀྱང་བདག་གསལ་བར་བྱེད་པའི་གཞུང་ལུགས་རྣམས་ལ་བྱ་བ་ལྟར་དགའ་བའི་བློ་གྲོས་དོར་བར་བྱ་སྟེ། ལུགས་གཞན་པོ་རང་གི་བློས་སྦྱར་བ་ལ་ཡ་མཚན་པར་རྟོགས་པར་མི་བྱའི། རང་གི་སྟོང་བ་ཉིད་ཀྱི་ལྟ་བ་ལ་ལྷག་པར་མོས་པ་ཁོ་ན་ལ་ཡ་མཚན་པར་རྟོགས་པར་བྱའོ།།

སྣང་སྲིད་དེ་ལྟར་སྤྲོ་བྱེད་སྒྱུ་མ་ལྟ་བུ་དེས་སྤྲོས་པའི་སྒྱུ་མ་ལྟ་བུ་ཞིག་ལེགས་པར་འཆར་བ་ལ། རྒྱུ་འབྲས་རྟེན་འབྱུང་རྒྱུ་རྐྱེན་དུ་མས་བྱས་ཚུལ། རིང་ཐུང་སོགས་ལྟོས་གྲུབ་ཀྱི་རང་བཞིན། སྐད་ཅིག་གིས་འགྱུར་བ་རིགས་པས་སེམས་པ། རང་གི་ཆ་ཤས་ལ་བརྟེན་ནས་གྲུབ་པ་སོགས་ལ་གོ་བ་ཡོད་པའི་ཐོག དང་པོ་རང་གི་གདགས་གཞི་ལ་བརྟེན་ནས་གྲུབ་པ་བཏགས་ཆོས་མིང་དེ་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་ཙམ་སྒྱུ་མ་ལྟ་བུ་ཡིན་པ་དེ་དུས་ཡུན་རིང་པོར་བསམ་གཞིགས་བྱེད་དགོས། དེ་ནས་གདགས་གཞི་དེ་ལྷག་ཡོད་ན་མཚན་འཛིན་གྱིས་བཀྲ་མི་ཤིས་པ་དེ་དག་འདྲེན་ཡོང་བས་དབུ་མའི་རིགས་པ་དག་ལ་བློ་ཉེ་རུ་གཏང་དགོས། དེ་ནས་འདོགས་བྱེད་དེ་ཡང་ལྷག་ཡོད་ན་མི་འགྲིག་པས་སྤྲོ་བྱེད་དེ་ཡང་སྒྱུ་མ་ལྟ་བུ་ཡིན་ཚུལ་ཤེས་དགོས། དེ་ནས་ཐ་སྙད་དུ་ཡོད་པའི་ཡོད་གོ་ཆོད་ཚུལ་ལ་རང་གི་ཉམས་མྱོང་སྐྱེ་ཐུབ་པ་ཞིག་བྱེད་གལ་ཆེ། ད་དུང་ཡང་ང་རང་གི་སྣང་ཚུལ་ཏེ་དོན་སྟེང་ནས་སམ་ཕ་ངོ་ནས་བདེན་བདེན་ཐེར་ཟུག་ཏུ་གྲུབ་པར་འཛིན་གྱི་ཡོད་པ་ཚོར་མི་ཐུབ། དེའི་ཆེད་ང་རང་གི་ཉམས་མྱོང་ལྟར་ན་ཚོར་བ་ཅི་བྱུང་མྱོང་ཚུལ་ལ་དྲན་པར་ཉེ་བར་འཇོག་པ་དང་། ཅི་ཐུབ་ཀྱིས་སྒོ་ལྔའི་དབང་ཤེས་ཀྱི་རྒྱུ་བ་བཀག་ནས་སེམས་གསལ་རིག་དེར་དྲན་པ་ཉེ་བར་འཇོག་པར་གོམས་པ་ཞིག་སྟེན་ཐུབ་ན། གཏན་གཏན་དགའ་སྐྱོ་ན་ཚ་མྱོང་བ་ཙམ་མིན་པར་མྱོང་ཚུལ་གོ་བས་བཟེ་རེ་ཅན་དུ་མི་འགྱུར། དེ་ནས་རང་གིས་སྣང་སྲིད་འཛིན་ཚུལ་ང་དང་ངའི་སེམས་ཚོར་ལུས་བཅས་དོན་སྟེང་ནས་དང་སྣང་སྲིད་ཕ་ངོ་ནས་བདེན་བདེན་ཐེར་ཟུག་ཏུ་གྲུབ་པར་འཛིན་པ་ར་འཕྲོད་ཐུབ། དེ་ལས་འགྲིག་མི་འགྲིག སྡུག་དང་མི་སྡུག བཟང་དང་ངན། ཡག་དང་ཉེས་སོགས་ཐལ་བའི་སྒྲོ་གདོགས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་འདྲེན་པ་གོ་ཐུབ། དེ་ལས་ཆགས་སྡང་། དེ་ལས་ཕྲག་དོག་འགྲན་སེམས་ང་རྒྱལ་ཐེ་ཚོམ་ཞེ་སྣང་རྣམ་རྟོག་དོགས་པ་རེ་བ་སོགས། དེ་ལས་རང་གཞན་གཉིས་འཕོང་བའི་སྒོ་སུམ་གྱི་ལས་ཅི་རིགས་ལ་འཇུག་ཚུལ་གོ་ཐུབ། དེ་ལྟར་བདེན་ཐེར་དུ་འཛིན་ཚུལ་ཤེས་ཤིང་དེ་ལྟར་གྲུབ་མེད་པ་དབུ་མའི་རིགས་ཚོགས་ལ་གཟུ་བོའི་བློ་རྟོན་པས། དེས་ན་ཡོད་ནི་ཡོད་པས་སྤྲོ་བྱེད་སྒྱུ་མ་ལ་གོ་བ་ཡོད་པའི་ཐོག་དེས་སྤྲོས་པའི་སྒྱུ་མ་ལྟ་བུ་ཡིན་ཡང་རྟེན་འབྱུང་གི་གོ་རིམ་ཆུད་མི་ཟ་བ་ལ་བློ་ཉེ་དགོས། དེ་ནས་རིམ་གྱིས་བྲོ་རྒྱུ་ཞིག་ཡོང་སྙམ་མོ།།

ལམ་བུ་དེའི་སྟེང་བསྐྱོད་ན། དེ་ཡང་ཚེ་འདི་ཙམ་ལ་མ་ཆགས་པར། བསམ་བྱ་སྒོར་མོ་ཙམ་མིན་པར། གཏན་གཏན་ཚིག་སྦོམ་པོ་ཞིག་གིས་མཇུག་བསྡུ་ན། སྐྱིད་པའི་སྐྱིད་འགོ་ཞིག་འཚུགས་ཡོང་། མི་ཚེ་ལ་འགྱུར་བ་རླབས་པོ་ཆེ་ཞིག་ཐེབས་ཡོང་།

No comments:

Post a Comment