Wednesday, November 1, 2017

སྒྱུ་རྩལ། འཕྲུལ་རིག ཚན་རིག དགེ་བཤེས་ལགས། སྒོར་མོ། ད་ངའི་ལྟ་བ་གང་དུ་ཡོད།

༢༠༡༧།༡༠།༣༡

འཇིག་རྟེན་གྱི་ཤེས་བྱ་རིག་གནས་སྒྱུ་རྩལ་འཕྲུལ་རིག་སོགས་ནི་རྟོག་འཆར་སྒྲོ་བཏགས་རང་བཞིན་བརྗོད་བདེ་བའམ་བདེན་འཛིན་ཅན་གྱི་ཡིད་འགུག་མཁས་པའི་ལམ་ནས་དྲངས་པ་ཤ་སྟག་རེད། གཞན་འཕྲུལ་རིག་གམ་ཚན་རིག་དག་ཕལ་ཆེ་བ་རྒྱུ་འབྲས་རྟེན་འབྱུང་དང་འབྲེལ་བའི་ཤེས་བྱ་འཕྲལ་གྱི་བདེ་བ་སྐྲུན་ཆེད་ཆེས་ཚད་ཅན་རེད། དམའ་རིམ་རྒྱུ་འབྲས་རྟེན་འབྱུང་གི་གོ་བ་ཙམ་ཡོད་ཀྱང་བདེན་ཞེན་འདིས་ཐོག་མའི་རྙེད་རིམ་ནས་སླད་ཀྱི་འདོད་པས་བདས་པའི་ཚོང་དོན་ལྟོ་གོས་གཏམ་ལས་འགྲན་རྩོད་ཀྱི་རང་བཞིན་ལས་མཐར་རྒུད་པར་ནི་གོར་མ་ཆག་གོ །ད་བདེན་ཞེན་འདི་འཕུང་བྱེད་ཀྱི་རྩ་བ་རེད། སྒྱུ་མ་མཁན་གྱི་སྔགས་རྫས་ཀྱི་སྦྱོར་བས་སྤྲུལ་བའི་རི་ཁང་ཁྱིམ་ཡུལ་ལྗོངས་མི་རྟ་གླང་འཕྲུལ་འཁོར་སོགས་བཞིན། རང་རྒྱུད་ཀྱི་མ་དག་པའི་བློས་སམ་རྟོག་པས་ཕར་བཏགས་ཙམ་སྒྱུ་མའི་སྤྲོས་པ་འདི་ལྟ་བུ་ལས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་ཡོད་མ་རེད་ཅེས་ཟེར་ན། དངོས་གནས་སྨྱོས་འདུག་ཟེར་དང་ཟེར། མཉམ་མེད་རྣམ་འདྲེན་བཞི་པ་ཤཱཀྱ་སེང་གེ་ཐབས་མཁས་ཐུགས་རྗེ་ཆེན་པོ་ལྡན་པས་ཀྱང་སངས་རྒྱས་པའི་མཛད་པ་མཛད་ནས་བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད་པ་དེ་སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་ནགས་གསེབ་ཏུ་གནས་པར་བྱའོ་ཞེས་གསུངས་ན། ཐ་མལ་བ་ང་ལྟ་བུས་སུ་ལ་གོ་བསྡུར་ཙམ་བྱ་ས་ཡོད། དགེ་བཤེས་ལགས་ཤིག་དང་ལྷན་གྲོས་ཙམ་བྱས་པ་བརྒྱུད་ཁོང་གི་བཤད་འགྲོས་ནི་རྒོད་ཅིང་མི་བརྟན་པར་སྣང་སྟེ། སྒྱུ་མ་ལྟ་བུའི་དོན་ལ་ཚུགས་ཐུབ་ཏུ་མེད་པ་ཟེར་ཡང་དེ་ཡང་དོན་ལ་རྒྱུ་རྐྱེན་དུ་མས་བྱས་པའམ་འདུས་བྱས་རྟེན་འབྱུང་ཡིན་པ་ལས་ཚུགས་ཐུབ་རང་སྐྱ་བ་མེད་ཚུལ་དང་། དེས་ན་དེ་ཙམ་ལས་ཆགས་པ་ཇི་ལྟར་ཟློག་ནུས་ཞེས་དྲིས་སྐབས། བསྒོམས་ན་ཡོང་ཟེར། དཔེར་ན། བུད་མེད་ཤིག་ལ་མཚོན་ན་མི་གཙང་རྒྱུ་དྲུག་ལས་གྲུབ་པ་དེ་ལས་བུད་མེད་རང་བཞིན་གྱིས་སམ་ཚུགས་ཐུབ་ཏུ་མེད་པའི་དོན་ལྟ་བུ་ཟེར། དེ་ནི་འཕྲལ་གྱི་ཐབས་མི་སྡུག་པ་སྒོམ་པ་ལྟ་བུ་རེད་འདུག་ཅེས་ལབ་པས་ལན་དམིགས་བསལ་མིན་འདུག བཏགས་ཆོས་དཔེར་ན་ཤིང་རྟ་ལྟ་བུ་རྣམ་པ་བདུན་གྱིས་བཙལ་ཀྱང་མི་རྙེད་པས་རྟོག་བཏགས་ཙམ་གྱི་གོ་བ་ཡོད་ཡོད་འདྲ་འདུག་མོད། འོན་ཀྱང་གདགས་གཞི་མེད་པ་ག་ལ་ཡིན་ཟེར། ཚུགས་ཐུབ་ཏུ་མེད་ཚུལ་ཡང་འདུས་བྱས་རྟེན་འབྱུང་ལས་གཞན་ངོ་ལེན་བྱེད་མི་ཕོད་པ་གསལ། མཚན་འཛིན་གྱི་དམིགས་གཏད་ཡོངས་བཤིག་དགོས་པ་མིན་ནམ་ཞེས་དྲིས་པས། སྒྱུ་མ་ལྟ་བུ་ཟེར་བ་ལས་གོ་བ་ཟབ་པ་རྟོག་བཏགས་ཙམ་ཡིན་ཟེར། རྟོག་བཏགས་ཙམ་དེ་ཡང་ཚུགས་ཐུབ་ཏུ་མེད་པ་གོང་སྨོས་བཞིན་རེད། ང་ཚོས་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་ལས་རྒྱུ་རྐྱེན་དུ་མ་འདུས་པ་ལས་བྱས་པ་ག་ལ་འཛིན་ཟེར། བསྒོམས་ན་ཡོང་ཟེར། དེས་ན་རྒྱུ་རྐྱེན་དུ་མ་འདུས་པ་ལས་བྱས་པ་ཤེས་ཀྱང་ཆགས་སྲིད་ཀྱི་རེད་པ་ཞེས་དྲིས་པས། མ་བསྒོམས་པར་མི་ཡོང་ཟེར། དེ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་ཀུན་རྫོབ་ཀྱི་སྣང་བ་མེད་པ་ལས་འཕྲོས་དེའི་ངོ་བོར་སྟོང་སངས་ངེ་སྣང་བ་ལས་གཞན་མེད་ཟེར། མཚན་འཛིན་གྱི་དམིགས་གཏད་ཡོངས་བཤིག་ཚུལ་འདི་ཡིན་ནམ། དེས་ན་དེ་ལྟར་བཤིག་དགོས་ན་སྣང་བ་སྒྱུ་མའི་དོན་སྒྱུ་མ་རང་ཡིན་དགོས་པ་དང་། ཚུགས་ཐུབ་ཏུ་མེད་ཚུལ་འདུས་བྱས་རྟེན་འབྱུང་ཡིན་པ་ཙམ་གྱི་ག་ལ་འགྲིག་སྙམ། བདེན་པར་མ་གྲུབ་པ་ང་ཚོར་སྣང་བ། ངོ་ཚོས་ཚོར་བ། ང་ཚོས་མྱོང་བ་ནས་ཆ་འཇོག་ཚུལ་ལྟར་ལ་སྦྱོར་དགོས་པ་ཆེས་གསལ་སྙམ། དེ་མིན་ན་ཇི་ཙམ་སྦོམ་སྦོམ་འདྲ་དང་ཚུལ་མཐུན་མཐུན་འདྲ་ཡ་རབ་རབ་འདྲ་བཤད་ཅིང་རྣམ་པ་བསྟན་ཀྱང་མཐར་འབབ་ས་བུད་མེད་ན་ཆུང་གི་སེམས་སྒོར་མོ་ལ་ཡིན་པ་ཡང་རྒྱུ་མཚན་ཞིག་ཡོད་པ་སྟེ། དེ་ཡོད་ན་ག་རེ་ཡིན་ནའང་བྱེད་ཐུབ་ཅེས་ཁ་སངས་བདེ་སངས་ངང་བརྗོད་མཁན་མང་པོ་ཕྲད་མྱོང་། མཐར་ཁ་ཡོད་ལག་ཡོད་ཅིག་ལ་རེ་ན་སྣ་ཐག་ཐུང་བ་མིན་ནམ། མི་རྟག་པ་དང་འདུས་བྱས་རྟེན་འབྱུང་བསམས་པས་ཕན་འབྲས་རླབས་པོ་ཆེ་ཡོད་དང་ཡོད་མོད། འོན་ཀྱང་མཚན་འཛིན་གྱི་དམིགས་གཏད་ཡོངས་བཤིག་དགོས་ན། དེ་ཙམ་ནི་གཅམ་བུའི་ཟོལ་ཙམ་ལས་བདེན་ཞེན་ག་ལ་ཟློག་ནུས་སྙམ་མོ།།

No comments:

Post a Comment