རྟེན་འབྲེལ་ཡན་ལག་བཅུ་གཉིས།
ཚུར་མཐོང་བ་ཞིག་གི་སྐྱེ་བ་གཅིག་འཕེན་ཚུལ།

དང་པོ་མ་རིག་པ་ནི་ཚོར་འདུ་རགས་པ་དང་འབྲེལ་བའི་ཡིད་བློ་རྟོག་པ་བློ་བུར་བ་དེས་སྣང་གནས་མི་མཐུན་པ་མཐུན་པར་བཟུང་ནས་ལས་གསོག་ཚུལ་ནི།
ང་དང་ངའི་ཕུང་པོ་ནས་ཕྱིའི་སྣོད་བཅུད་ཀྱི་སྣང་སྲིད་གང་སྐད་ཅིག་སྐད་ཅིག་གི་འཇིག་པའི་རང་བཞིན་ཅན།
རྒྱུ་རྐྱེན་དུ་མས་བྱས་པ། རང་གྲུབ་ཙམ་ནས་འཇིག་པའི་ངོ་བོར་སྐྱེས་པ།
མཐའ་རྒུད་པའི་ཆོས་ཅན། ཉི་ཚེ་བ་ཡིན་པ་དེ་ལོག་པར་རྟོག་པ་སྟེ།
རང་གི་ངང་གིས་གྲུབ་ཅིང་ངེས་པ་ཡོད་པར་བཟུང་ནས།
རང་རྒྱུད་ཀྱི་ལོག་རྟོག་དེས་སྤྲོ་ཚུལ་ལྟར་གྱི་སྡུག་པ་མཐའ་ཅིག་ཏུ་སྡུག་པ་དང་མི་སྡུག་པ་མཐའ་ཅིག་ཏུ་མི་སྡུག་པ་སོགས་ཐལ་བའི་སྒྲོ་བཏགས་པ་་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས། ཆགས་སྡང་།
དེས་རང་རྒྱུད་མ་ཞི་བར་བྱས་པ་ལས་ཕྲག་དོག་འགྲན་སེམས་ང་རྒྱལ་ཐེ་ཚོམ་ཞེད་སྣང་རྣམ་རྟོག་དོགས་པ་རེ་བ་བརྣབ་སེམས་གནོད་སེམས་ལོག་ལྟ་སེར་སྣ་ཡུས་སོགས་ཅི་རིགས་འདྲེན།
དེའི་དབང་གིས་སྒོ་གསུམ་དང་འབྲེལ་བའི་ལས་གསོག བརྒྱུད་རིམ་ལྔ་པོ་དེ་ང་ཚོས་ཞིབ་པར་བསྐྱར་བལྟའི་ངང་བརྟགས་ན་སྒོ་གསུམ་དང་འབྲེལ་བའི་ལས་གང་ཞིག་བསགས་པ་དེ་བརྒྱུད་ཡོད།
དེའི་ངང་བསགས་པའི་ལས་ཀྱི་བག་ཆགས་རྣམ་ཤེས་སྟེང་དུ་འགོས་པ་དེ་སྲེད་ལེན་གྱིས་གསོས་འདེབས་ཚུལ་ཡང་དཀྱུས་གཅིག་ལ་མི་དགོས་ཏེ།
མཐོང་ཆོས་མྱོང་འགྱུར། སྐྱེ་གནས་མྱོང་འགྱུར།
ལན་གྲངས་གཞན་ལ་མྱོང་འགྱུར་བཅས་ཡོད་པས་སོ།
།སྲེད་ལེན་ནི་ཉི་ཚེ་བ་འཁོར་བར་འདུས་པའི་སྐྱེ་བར་སྲེད་པ་དང་ལེན་འདོད་དེ།
དེས་ལས་ཀྱི་བག་ཆགས་གསོས་འདེབས་ཞེས་པ་དེས་དེ་གསོ་བར་བྱེད་པའམ་འདུ་བྱེད་པ་སྟེ།
དེས་ལས་རང་གི་འཕངས་འབྲས་འཕེན་པའི་ནུས་པ་སློང་བར་བྱེད་པའོ།
།དེ་ཡང་འཆི་ཁའི་སེམས་ཀྱི་བབ་དང་འབྲེལ་བའི་མ་རིག་པ་དེའི་དབང་གིས་བསགས་པའི་ལས་ཀྱི་བག་ཆགས་རྣམ་ཤེས་སྟེང་དུ་འགོས་པ་དེ།
དེའི་རྒྱུ་མཚན་གྱིས་འཆི་ཁའི་སེམས་དེ་ཞི་དང་མ་ཞི་ལས་དེའི་བབ་ཀྱིས་དེ་འབྲེལ་བསགས་པའི་ལས་ཀྱི་བག་ཆགས་རྣམ་ཤེས་སྟེང་དུ་འགོས་པ་དེ་སྲེད་ལེན་གྱིས་གསོས་བཏབ་པ་ལས་སྲིད་པ་འཕེན་པ་དང་།
འཆི་ཁའི་སེམས་ཀྱི་བབ་དེ་བར་དོར་བརྒྱུད་པ་ལས་ཡིན། ཡང་ཉི་ཚེ་བ་འཁོར་བར་འདུས་པའི་སྐྱེ་བར་སྲེད་པ་དང་ལེན་འདོད་ཙམ་མ་ཟད།
བར་དོའི་འཇིགས་པ་ལས་གྲོལ་ཆེད་དེ་ལྟའི་སྐྱེ་བར་སྲེད་ལེན་ཡོད་དོ།།
སྲིད་པ་ནི་ཉིང་མཚམས་སྦྱོར་བ་སྟེ།
ཕ་མའི་ཁུ་ཁྲག་ཕྲད་པའི་མཚམས་ནས་འཇོག་དགོས།
ཚོར་འདུ་རགས་པ་དང་འབྲེལ་བའི་ཡིད་བློ་རྟོག་པ་ཡིན་ན་མཚན་འཛིན་ཡིན་པས་མ་ཁྱབ་སྟེ།
དགག་བྱ་ལྷན་སྐྱེས་སྣང་ལ་མ་ངེས་པ་ཡོད་དེ།
སྣང་ཡང་དེ་ལྟར་འཛིན་པ་ལས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྟེ་སྡུག་དང་མི་སྡུག་ཅེས་ཐལ་བའི་སྒྲོ་བཏགས་པ་་ལས་ཆགས་སྡང་ལས་ཕྲག་དོག་སོགས་རང་རྒྱུད་མ་ཞི་བར་བྱས་པ་ལས་སྒོ་གསུམ་གྱི་ལས་གང་རུང་ལ་འཇུག་པས་མ་ཁྱབ་པས་སོ།།
དོན་གྱི་ང་དང་ངའི་ཕུང་པོ།
ཕྱིའི་སྣོད་བཅུད་དག་མཐའ་རྒུད་པའི་ཆོས་ཅན་སོགས་ཁ་ཐབས་དེ་ལས་མེད་པས་དེའི་རྣམ་པ་དང་འབྲེལ་བའི་རྒྱུ་ཞིག་འཇོག་དགོས་གཤིས།
མཚན་འཛིན་དེ་ལས་གཞན་ཅི་སྟེ། དེས་འཕུང་ཚུལ།
དེ་གཞི་མེད་པ་རྟེན་འབྱུང་གི་རིགས་པ་དག་ལས་གོ་ཐུབ།
དེའི་དབང་གིས་གྲུབ་པ་ལས་ཕན་གནོད་ཀྱི་བྱ་བྱེད་འཐད་པ་མྱོང་བས་གྲུབ་བོ།།